Select Page

ལས་འཆར་གྱི་དམིགས་དོན་ཁ་ཕྱོགས།

དེང་སང་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་སུ་ཕྱིན་པ་དང་ཕྱོགས་མཚུངས། སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་ཉིན་རེ་ནས་ཉིན་རེར་སྣེ་མང་ཅན་དང་ཡར་རྒྱས་རང་བཞིན་ཅན་གྱི་ངོ་བོར་འཕོ་འགྱུར་འགྲོ་བཞིན་ཡོད། འཛམ་གླིང་འདིར་ཚན་རིག་རིག་གནས་འདི་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་འབྲེལ་གྱིས་ འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་ཡང་འཕེལ་རྒྱས་དང་བྲེལ་ཟིང་གི་ངོ་བོར་འགྱུར་བཞིན་ཡོད། དེས་ན་གློག་ཀླད་ཀྱི་དྲ་ངོས་བེད་སྤྱོད་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང༌། གནས་ཚུལ་མཁོ་འདོན། ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་ཕན་ནུས་སླེབས་པར་ཚད་གཞི་ངེས་ཅན་གྱི་དམིགས་བསལ་ལྡན་པ་ཞིག་ཆགས་ཡོད།

བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་ཅིང༌། རིག་གཞུང་འདིས་འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པར་བརྟེན། འཛམ་གླིང་ཡུལ་ལུང་འདྲ་མིན་ནང་བོད་ཀྱི་ནང་ཆོས་ཤེས་རྟོགས་དང་ཞིབ་འཇུག་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་མ་ཟད། ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད།

དེ་ན་འདི་ག་ཡོ་རོབ་བོད་ཡིག་དྲ་ངོས་ནས་དེའི་ཞབས་འདེསགས་སུ་དམིགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་སྲོལ་གོམས་གཤིས་དང་། སྲོལ་རྒྱུན་རི་མོ། དེང་རབས་འདྲ་པར་དང་རི་མོ་སོགས་རིག་གཞུང་སྡེ་ཚན་ཞིག་གི་ངོ་བོར་བཞག་སྟེ། དེ་དག་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་ཡོང་ཐབས་སུ། དེང་དུས་བེད་སྤྱོད་ཆེ་ཤོས་ཀྱི་དྲ་ངོས་བརྒྱུད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་ཅན་དང༌། ཉམས་ཞིབ་གནང་མཁན་དག་ལ་དེ་འབྲེལ་གྱི་གནས་ཚུལ་མཁོ་འདོན་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་ཡོང་རྒྱུར་དམིགས་ཏེ་འཛམ་གླིང་མི་དམངས་ཀྱི་སྤྱན་ལམ་དུ་ངོ་སྤྲོད་བྱ་རྒྱུའི་ལས་འཆར་འདི་ཆེད་གཉེར་ཞུ་འདོད་བྱུང།